ཐོག་རྡོ་རྗེའི་གདན་དུ།
གངས་ཅན་མདོ་ཁམས་གསེར་ལྡན་འཛིན་མའི་ཁྱོན།
ཕྱི་རོལ་གཤེན་གྱི་བསྟན་པས་དབང་བསྒྱུར་དུས།
ནང་པའི་ཆོས་སྡེ་ཐོག་མ་ཀ་ཐོག་ཆགས།
དེ་ཚེ་མཚན་ལ་ཁམས་ཀྱི་ཆོས་སྡེ་འབོད།
མདོ་སྒྱུ་སེམས་ཀྱི་བཤད་སྒྲུབ་འཕེལ་བ་ལས།
བསྐལ་བཟང་དུས་ཀྱི་རྫོགས་ལྡན་གསར་དུ་ཚེས།
རྫོགས་པའི་སངས་རྒྱས་འཇའ་ལུས་འབུམ་ཕྲག་གྱུང་།
དེ་ཚེ་མཚན་ལ་ཁམས་ཀྱི་ཆོས་སྡེ་འབོད།
བླ་རབས་གདན་རབས་རིམ་བྱོན་གསེར་རིའི་ཕྲེང་།
རེ་རེའི་མཛད་པས་ས་ཆེན་དོག་པོར་བྱས།
སྔ་འགྱུར་བསྟན་པ་ཁམས་ཀྱི་ཡུལ་ནས་གསོས།
དེ་ཚེ་མཚན་ལ་རྙིང་མའི་ཆུ་འགོར་འབོད།
ཆེན་པོ་བོད་ཀྱི་ཞིང་གི་ཤར་གྱི་ཆར།
ལོ་རབས་སྟོང་ལ་སངས་རྒྱས་ཆོས་འཛིན་པའི།
དགོན་སྡེ་འདི་ལས་གཞན་དུ་མ་དམིགས་པས།
དེ་ཚེ་མཚན་ལ་ཤར་གྱི་ཀ་ཐོག་འབོད།
ཕྱི་ལ་འཁོར་ལོ་ལྔ་ཡི་བཀོད་པ་ལྡན།
ནང་དུ་ཟངས་མདོག་དཔལ་རིའི་ཞིང་ཁམས་རྫོགས།
གསང་བ་རིགས་ལྔའི་ཞིང་ཁམས་གཅིག་ཏུ་བསྡུས།
དེ་ཚེ་མཚན་ལ་འོག་མིན་གཉིས་པར་འབོད།
དེ་ལྟར་ས་ཡི་ཁྱོན་ན་མངོན་མཐོ་བའི།
ཁམས་ཀྱི་ཀ་ཐོག་ཐུབ་བསྟན་མཛེས་པའི་སྡེ།
ཇི་སྲིད་འགྲོ་བའི་ཁམས་འདི་མ་སྟོང་བར།
ད་དུང་བསྟན་པ་དར་ཞིང་རྒྱས་པར་ཤོག
ད་དུང་བསྟན་པ་དར་ཞིང་རྒྱས་པར་ཤོག