ཕྲེང་རིང་མ་ཡུམ་དྲན་བྱུང་།
བྱང་ཆུབ་མཆོད་རྟེན་མཇལ་དུས།
དྲན་གདུང་འཆི་ཞགས་འཁོར་བྱུང་།
ཕྲེང་རིང་མ་ཡུམ་དམ་པ།
སེམས་ནས་ལྷང་ལྷང་དྲན་བྱུང་།
ཨ་མ།
བཀའ་དྲིན་ཅན་གྱི་ཨ་མ།
བརྩེ་སེམས་ཅན་གྱི་ཨ་མ།
ཨ་མ།
བརྩེ་སེམས་ཅན་གྱི་ཕྲེང་རིང་མ་ཡུམ་དམ་པ།
མགོན་མེད་དྭ་ཕྲུག་མོང་པོར།
ལུས་སྦྱིན་ཕ་མའི་སྐུ་ཚབ་བྱས།
འཛུན་ཞལ་གསུང་སྐད་སྙན་པོས།
བྱམས་དང་བརྩེ་བས་སྐྱོང་མཁན།
ཨ་མ་ཕྲེང་རིང་མ་ཡུམ་དམ་པ།
ཟས་གོས་ཕུན་སུམ་ཚོགས་ལ།
ཡ་རབས་སྤྱོད་བཟང་ལམ་སྟོན།
ཤེས་རིག་ཁ་མིག་འབྱེད་མཁན།
བརྩེ་ལྡན་ཨ་མ་དྲན་བྱུང་།
ཨ་མ་ཕྲེང་རིང་མ་ཡུམ་དྲན་བྱུང་།
མ་ཁྱེད་འཇིག་རྟེན་འདི་ནས།
ཞིང་ཁམས་གཞན་དུ་གཤེགས་ཀྱང་།
མཛད་རྗེས་འོད་སྣང་དཀར་པོ།
འཛམ་གླིང་ལ་ཁྱབ་སོང་།
ཨ་མ་ཕྲེང་རིང་མ་ཡུམ་དམ་པ།
འཇིག་རྟེན་གྱི་མི་ཡུལ་འདི་ནས།
ཉམ་ཐག་བོད་ཕྲུག་ང་ཚོས།
ཁྱེད་རང་དྲན་པའི་ཡིད་ཀྱིས།
གདུང་བའི་གླུ་དབང་ལེན་གྱིས།
ཨ་མ་ཕྲེང་རིང་མ་ཡུམ་དམ་པ།