ཕ་མའི་བཀའ་དྲིན།
འཇིག་རྟེན་ཁམས་འདིར་བརྩེ་བས་སྐྱོང་མཁན་ནི།
ཕ་མ་གཉིས་ཡིན་བཀའ་དྲིན་དྲན་པར་བྱ།
ཕ་མ་མ་བྱས་སེམས་ཅན་གཅིག་ཀྱང་མེད།
བཀའ་དྲིན་ཆེ་བའི་པྰ་ལགས་ཨ་མ་ལགས།
ཟླ་དགུ་ཉིན་བཅུ་ལུས་ལ་ཁུར་བའི་མ།
བུ་ལ་གནོད་དོགས་ཟས་སྐོམ་དགྲོ་འདུག་གཟབ།
སྐྱེས་དུས་ཨ་མའི་སྡུག་བསྔལ་དཔག་མེད་མྱོང་།
བཀའ་དྲིན་ཆེ་བའི་པྰ་ལགས་ཨ་མ་ལགས།
སྐྱེས་མ་ཐག་ཏུ་ཤ་ཡི་དྲོད་ལ་སྦྱར།
མཇམ་པའི་གདན་ལ་བཞག་དང་གོས་ཀྱི་གཡོག
སྙན་པའི་མིང་འབོད་བརྩེ་བའི་འཛུམ་གྱི་བསུས།
བཀའ་དྲིན་ཆེ་བའི་པྰ་ལགས་ཨ་མ་ལགས།
སྣབས་ལུད་ཁས་ཕྱིས་མི་གཙང་ལག་པས་ཕྱིས།
གཉིད་དང་ལྷོད་བཅག་སྲོག་ལས་གཅེས་པར་བཟུང་།
སྐམ་ས་བུ་དང་རློན་ས་ཕ་མས་བྱས།
བཀའ་དྲིན་ཆེ་བའི་པྰ་ལགས་ཨ་མ་ལགས།
ཁ་ཟས་སྟངས་འགྲོ་སྟངས་སྡོད་སྟངས་བསླབས།
ཉིན་མཚན་ཀུན་ཏུ་བསམ་རྒྱུ་བུ་ལས་མེད།
བུ་ཡི་དོན་དུ་སྡིག་བསགས་སྡུག་བསྔལ་མྱོང་།
བཀའ་དྲིན་ཆེ་བའི་པྰ་ལགས་ཨ་མ་ལགས།
སློབ་གྲུར་བཏང་དང་མི་ཚེའི་མདུན་ལམ་བསླབས།
རྒྱུ་ནོར་ལོངས་སྤྱོད་ཚང་མ་བུ་ལ་སྦྱིན།
ནམ་ཡང་མ་བརྗེད་ཕ་མ་བཀའ་དྲིན་ཅན།
དྲིན་ལན་ཆོས་ཀྱི་འཁོར་བའི་སྨོན་ལམ་ཞུ།