མི་ཡུལ།
རང་ཡུལ་བོད་ལྗོངས་བཞག་པའི་སྐབས།
མི་ཡུལ་སྐྱིད་པོ་ཨེ་ཡོད་བསམས་བྱུང་།
མི་ཡུལ་དུ་འབྱོར་དུས་མི་ཚེ་གསར།
མགོ་འདི་ཚོད་ལ་སོང་།
དྲིན་ཆེན་རྩ་བའི་བླ་མ།
མཇལ་བ་བསྐལ་པ་བཟང་པོ་བྱུང་།
དགའ་བ་ལགས་སྐྱིད་པ་ལགས།
༧གོང་ས་སྐཡབས་མགོན་ཆེན་པོ་མཇལ་བྱུང་།
དགྲ་འོག་ངན་བྱུས་གསར་པ་དེས།
ཡུལ་ལས་འགྱར་པའི་གཞོན་ནུ་ཡོངས།
ཕྱིར་ལོག་དགོས་པའི་སྡིག་ར་དང་།
ཉིན་བརྡ་གང་མང་བཏང་བས།
མ་ལོག་ཕ་མ་སྤུན་མཆེད།
སྡུག་ངལ་དྲག་ཆར་བབས་ནས་ཤེས།
འཛམ་གླིང་མི་མང་སྤྱན་གྱིས་གཟིགས་དང་།
མནར་གཅོད་མྱོང་བའི་བོད་མི་ལ།
སྙིང་རྗེའི་སྤྱན་གྱིས་གཟིགས་ཙམ་གནང་།
བརྩེ་བའི་གྲོགས་པོ་བདག་ལ་གསན།
ང་གཉིས་ཐུགས་པ་མཐའ་མ་ཡིན།
སང་གི་ཉི་མ་ཤར་བའི་ཚེ།
ང་ནི་རང་ཡུལ་ལོག་དགོས།
ཕ་མ་མཇལ་ཡོང་དགའ་བ་ལ།
དགྲ་བོ་བསྡད་དགོས་སྡུག་པ་ལ།
ང་གཉིས་བྲལ་བར་ཐུགས་མ་སྐྱོ།
བདེན་མཐའ་གསལ་པའི་དུས་ཤིག་ཡོང་།