མེ་ཏོག་སེར་ཆེན།
ཕ་ལོའི་མཆོད་སྟེགས་ལ་བཤམས་པའི་ལྷ་རྫས་དཀར་པོ།
མ་ལོའི་འབྲི་མར་དང་བསྡེབ་པའི་རྩི་ཐོག་གཙང་མ།
བུ་མོའི་དུངས་བ་དང་འགྲོགས་པའི་ཆུང་འདྲིས་བྱམས་པ།
མེ་ཏོག་སེར་ཆེན།
ཨ།
མེ་ཏོག་སེར་ཆེན།
ཁྱོད་ཀྱིས་རྩྭ་ཐང་གི་གསང་བ་གྱེར་མྱོང་།
ལུང་རྫི་བུ་མོའི་སྙིང་གི་མིག་ཆུ་བཏུང་བའི་མེ་ཏོག་སེར་ཆེན།
གངས་ཐང་ལ་ཁ་བ་བབས་རྗེས།
ཁྱོད་ཀྱི་སླར་ཡང་ཉམས་འགྱུར་གྱི་བཀྲག་མདངས་གསར་བ་ངོམ་དུས།
ངའི་ཕ་སའི་སྦྲ་གུར་ཁྲོད་ཀྱི་ཁྱེད་རང་དྲན་བྱུང་།
གངས་རིའི་མིག་ལམ་ལ་ཐོགས་པའི་སྦྲང་རྩི་སེར་པོ།
གངས་ཆུའི་ཉིང་ཁུ་ཡིས་གསོས་པའི་ས་བོན་དྭངས་མ།
འབྲོག་མོའི་བཞོ་དབྱངས་ལ་བཀུག་པའི་གཞས་ཚིག་སྙན་མོ།
མེ་ཏོག་སེར་ཆེན།
ཨ།
མེ་ཏོག་སེར་ཆེན།
ཁྱོད་ཀྱིས་སློབ་རའི་ཀ་ཁ་བཀླགས་མྱོང་།
སློབ་བུ་གཞོན་ནུའི་སྙིང་གི་རེ་འདུན་རྟོགས་པའི་མེ་ཏོག་སེར་ཆེན།
གངས་ཐང་ལ་ཁ་བ་བབས་རྗེས།
ཁྱོད་ཀྱིས་སྐྱེ་སྟོབས་ཀྱི་ལང་ཚོའི་འཛུམ་མདངས་གྲོལ་དུས།
ངའི་མེས་པོའི་ལྷག་བསམ་ཁྲོད་ཀྱི་ཁྱེད་རང་དྲན་བྱུང་།
ཁྱོད་ཀྱིས་སློབ་རའི་ཀ་ཁ་བཀླགས་མྱོང་།
སློབ་བུ་གཞོན་ནུའི་སྙིང་གི་རེ་འདུན་རྟོགས་པའི་མེ་ཏོག་སེར་ཆེན།
གངས་ཐང་ལ་ཆར་བ་བབས་རྗེས།
ཁྱོད་ཀྱིས་སྐྱེ་སྟོབས་ཀྱི་ལ་ང་ཚོའི་འཛུམ་མདངས་གྲོལ་དུས།
ངའི་མེས་པོའི་ལྷག་བསམ་ཁྲོད་ཀྱི་ཁྱེད་རང་དྲན་བྱུང་།
ཁྱེད་རང་དྲན་བྱུང་།