རྗེས་དྲན་ཡིད་མཚོའི་རླབས་ཕྲེང་།
ལྔ་ཕྲག་གདུལ་བྱ་སྐྱོང་བའི།
འབྲུག་སྤྲུལ་པདྨ་འཕྲེན་ལས།
གངས་ལྗོངས་བསོད་ནམས་དམན་པས།
མཚན་དཔེའི་མེ་ཏོག་ཡལ་སོང་།
༧སྐྱབས་མགོན་ཉིན་བྱེད་དབང་པོ།
ལྷོ་གླིང་མཁའ་ནས་བཞུད་སོང་།
རྒྱལ་བསྟན་པདྨའི་དགའ་ཚལ།
སྐྱོང་བའི་གཉེན་དང་བྲལ་སོང་།
འབྲུག་སྤྲུལ་པདྨ་འཕྲིན་ལས།
ང་ཡི་དྲིན་ཅན་གྱི་བླ་མ།
ཐུགས་རྗེའི་འོད་ཞགས་ལྡན་པའི།
སྲིད་གསུམ་སྒྲོན་མེ་གཟིམ་སོང་།
བགྲང་ཡས་སྐྱེ་འགྲོ་ཀུན་གྱི།
གདུང་བའི་མུན་པ་སུས་སེལ།
འབྲུག་སྤྲུལ་པདྨ་འཕྲིན་ལས།
དངོས་མཇལ་རེ་ཐག་ཆད་ཀྱང་།
མཚན་དཔེའི་མཛེས་སྡུག་དཀྱིལ་འཁོར།
དྲན་ཞིང་དྲན་ཞིང་སྐྱོ་བྱུང་།
འབྲུག་སྤྲུལ་པདྨ་འཕྲིན་ལས།
ང་ཡི་དྲིན་ཅན་གྱི་བླ་མ།
མུན་སེལ་ཟླ་བ་གཞོན་ནུ།
ཆུ་ལྷའི་ཕང་བར་ཐིམ་སོང་།
བསིལ་སྦྱིན་འོང་དཀར་གསར་པ།
ས་ཕྱོགས་གང་དུ་འཚོལ་འགྲོ།
ཉམས་དགའི་བདེ་ལྡན་ཞིང་ནས།
སློབ་བུས་གདུང་ཡུས་གསན་ན།
དགྱེས་ཞལ་ཟླ་བ་དཀར་པོ།
མྱུར་དུ་འཛུམ་མདངས་སྟོན་རོགས།
འབྲུག་སྤྲུལ་པདྨ་འཕྲིན་ལས།
ང་ཡི་དྲིན་ཅན་གྱི་བླ་མ།