མགོ་ནམ་ཡང་མ་སྒུར།
འགྲོ་བསམ་པའི་དམིགས་ཡུལ་མེད།
བསྡད་བསམ་པའི་ཆགས་ས་མེད།
ས་གང་དུ་སོང་ན་ཡང་།
སེམས་ལྷང་ལྷང་སྐྱོ་བྱུང་།
ཉིན་བཟའ་བའི་ཟས་མི་འདོད།
མཚན་ཉལ་བའི་གཉིད་མ་ཁུག
ངའི་ཕ་ཡུལ་བོད་ལྗོངས་དཀར།
སེམས་ལྷང་ལྷང་དྲན་བྱུང་།
ངའི་སྤུན་ཟླའི་སྡུག་བསྔལ།
དུས་ནམ་ཡང་བརྗེད་མེད།
དུས་ཉིན་མཚན་ཀུན་ཏུ།
སེམས་དཀྱིལ་ལ་བཞག་ཡིད།
དུས་ཉིན་མཚན་ཀུན་ཏུ།
སེམས་དཀྱིལ་ལ་བཞག་ཡིད།
སྲོག་ལས་གཅེས་པའི།
ངའི་ཁ་བའི་ལྗོངས།
རྒྱུ་ཡོད་ཀྱང་སེམས་མི་སྐྱིད།
ནོར་ཡོད་ཀྱང་བློ་མ་ཚིམས།
ཁམས་འཛམ་གླིང་བསྐོར་ན་ཡང་།
ཡུལ་མེད་པའི་འཁྱམ་པོ།
གྲོགས་མེད་ཀྱང་དཔའ་མ་ཞུམ།
རོགས་མེད་ཀྱང་བློ་མ་ཁུམ།
བོད་ཁ་བའི་ལ་རྒྱའི་ཆེད།
མགོ་ནམ་ཡང་མ་སྒུར།