བྲོ་གླུ་བཀྲ་ཤིས་རང་འགྲུབ།

ཚིག ཆབ་རྒྱལ་སྲས།
དབྱངས། བསོད་ནམས་དོན་འགྲུབ།
ལེན་མཁན། ཨ་སྐྱིད་ལྷ་མོ་དང་རིན་ཆེན་རིག་འཛིན།

ཤིང་ལ་སྣ་བརྒྱ་སྣ་དགུ་རེད།།
ལྷ་ཤིང་ཤུག་པ་བོད་ནས་སྐྱེས།།
ལྷ་གཅིག་ཇོ་བོས་ཞལ་རེ་འཛུམ།།
དྲི་མས་ལྷ་ངོ་དགྱེས་ནས་འདུག།
མཇལ་བ་བཟང་། མཐུ་སྟོབས་ཆེ།
དགའ་བས་བྲོ་ཞིག་འཁྲབ།།
སོ་འོ་་་
སྐྱིད་པའི་བྲོ་ཞིག་འཁྲབ་འཁྲབ།།

རིགས་བཟང་ཚང་གི་མཆོད་ཁང་ནང་།།
སྐྱེ་མཆོག་གེ་སར་བརྗིད་རེ་ཆགས།།
གདོང་དམར་བོད་ལ་མཐུ་གྲོགས་ཆེ།།
འཛམ་གླིང་དབང་དུ་བསྡུས་རབས་ཡོད།།
མཇལ་བ་བཟང་། མཐུ་སྟོབས་ཆེ།
དགའ་བས་བྲོ་ཞིག་འཁྲབ།།
སོ་འོ་་་་
སྐྱིད་པའི་བྲོ་ཞིག་འཁྲབ་འཁྲབ།།

གངས་ཅན་ཁ་བའི་ས་ཆ་ན།།
གངས་རི་མི་གཅིག་ཁྲི་མ་འབུམ།།
ཁམས་ཀྱི་ཇོ་བོ་གཟེ་རྒྱལ་དེ།།
དབུ་འཕང་གནམ་ལ་ཟུག་ནས་གདའ།།
མཇལ་བ་བཟང་། མཐུ་སྟོབས་ཆེ།
དགའ་བས་བྲོ་ཞིག་འཁྲབ།།
སོ་འོ་་
སྐྱིད་པའི་བྲོ་ཞིག་འཁྲབ་འཁྲབ།།

ཡུལ་འདི་ལྷ་ཡི་ལུང་པནརེད།།
མི་འདི་ལྷ་ཡི་རིགས་རྒྱུད་རེད།།
ལུས་ལྷ་གྲོགས་ལྷའི་ཁ་འཛིན་ཡོད།།
བོད་པ་ཡིན་པ་བསོད་ནམས་ཆེ།།
དགའ་བ་ལ། སྐྱིད་པ་ལ།
དགའ་བས་བྲོ་ཞིག་འཁྲབ་འཁྲབ།།
སོ་འོ་་་་
སྐྱིད་པའི་བྲོ་ཞིག་འཁྲབ་འཁྲབ།།