དྲན་གླུ་ཡིད་ཀྱི་འཁྲི་ཤིང་།
དམར་སེར་མཚམས་སྤྲིན་གསར་པ།
ཤར་རི་རྩེ་ནས་དགོད་ཚེ།
ཐུགས་རྗེ་འོད་སྟོང་ལྡན་པའི།
ཕ་གཅིག་བླ་མ་དྲན་བྱུང་།
གསར་ལྡན་འཛིན་མས་ཕང་བའི།
འདབ་བརྒྱའི་མེ་ཏོག་བཞད་ཚེ།
བསླབ་གསུམ་ཁྲིམས་ཀྱིས་མཛེས་པའི།
རྣམ་བཞིའི་འཁོར་ཚོགས་དྲན་བྱུང་།
དྲི་མེད་སྟོན་མཚན་དབྱིངས་ནས།
རྒྱུ་སྐར་དུང་ཕྲེང་ངོམ་ཚེ།
གྲངས་མེད་ཕ་མཐར་བརྒལ་བའི།
དགོན་ཆེན་ཆོས་སྡེ་དྲན་བྱུང་།
རྨད་བྱུང་གནས་མཆོག་འབུམ་གྱི།
ངོ་མཚར་ལོ་རྒྱུས་མཇལ་ཚེ།
བསླུ་མེད་བདེན་དཔུང་ངོམ་པའི།
ཁམས་ཀྱི་སྟག་ཚང་དྲན་བྱུང་།
མཚར་སྡུག་ཆུ་འཛིན་དབུས་ནས།
དབྱར་ལྔའི་གསུང་དབྱངས་སྒྲོག་ཚེ།
ལེགས་བཤད་རོལ་མོ་འཁྲོལ་བའི།
ལྔ་རིགས་གླིང་དེ་དྲན་བྱུང་།
ལྷིང་འཇགས་གྲུ་ཁ་ཞིག་ནས།
དྲི་གཞོན་རླུང་བུ་ལྡང་ཚེ།
བསམ་གཏན་ཉེར་འཚེ་བྲལ་བའི།
དབེན་པའི་སྒྲུབ་གནས་དྲན་བྱུང་།