ཆུང་འདྲིས།

ངའི།
ཆུང་གྲོགས་ཡིད་འོང་།
ཁྱེད་དང་ང་གཉིས་ཀྱི།
ལས་དེ་ག་འདྲ་རེད།
ཁྱེད་རང་དྲན་སོང་ངས།
ཁོང་།
སྔོན་མ་ཆུང་དུས།
ང་གཉིས་འཆམ་པོའི་ཐོག
ཡབ་ཡུམ་གཉིས་ཀྱི་བཀའ་མོལ་གྱིས།
གཏན་གྲོགས་བྱེད་རྒྱུ་བྱས།
སེམས།
གཅིག་ལ་གཅིག་དགའ།
ཁ་བྲལ་མི་ཕོད་བཞིན།
ལྔ་བཅུ་ང་དགུའི་ལོར།
རྒྱ་མིའི་དྲག་གནོན་སྐབས།
ང་།
བཙན་བྱོལ་ཡོང་ནས།
ཁྱེད་དང་གསོན་བྲལ་ཆགས།
དེ་ནས་ད་ལྟའི་བར་དུ།
གོ་རྒྱུ་ཚོར་རྒྱུ་མེད།
ཆུང་འདྲིས་ཡིན་ཡང་།
རྒྱ་མིའི་གདུག་རྩུབ་ཀྱིས།
ཁ་བྲལ་སོང་བ་ནི།
འདི་འདྲ་གྲངས་མེད་ཡོད།
དུས་ད་རེས་ཐུག་དུས།
རྨི་ལམ་ཡིན་ནམ་དངོས།
ཤི་ནས་ལོག་པ་འདྲ།
ད།
དངོས་གནས་རེད་པས་ཁོང་།
རེད་དངོས་གནས་རེད་ཁོང་།
ང་རང་གཉིས་ཀ་ལོག
འདི་འདྲར་རྒས་འདུག་ཁོང་།
ཡག་པོ་གཟིགས་དང་ཁོང་།
ཁྱེད།
ཕོ་གསར་ཡིན་དུས།
འདྲ་ཆགས་ག་འདྲས་ཡོད།
དམག་ལ་འགྲོ་བའི་དུས།
ཏེར་བཟོ་ག་འདྲས་ཡོད།
ད་རྒན་རྒོན་གཉིས་པོ།
མ་ཤི་ཐུག་པ་འདི།
དགའ་པོ་ཞེ་དྲགས་བྱུང་།
སྐྱིད་པོ་ཞེ་དྲགས་བྱུང་།